སྤྱི་ལོ་༢༠༡༥ལོའི་ཟླ་༦ཚེས་༢༦ནས་ཚེས་༢༨བར་ཉིན་གསུམ་གྱི་རིང་ལ།སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་ཐིང་དང་སྤོས་ལྡན་གྲོང་ཁྱེར་མི་རིགས་ཆོས་དོན་ལས་ཁུངས། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ས་ཁུལ་འཕྲོད་བསྟེན་དར་སྐུལ་ཚོགས་པ་བཅས་ཀྱི་རྒྱབ་སྐྱོར་དང་།མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་མཁན་ཆེན་བསོད་ནམས་དར་རྒྱས་རྣམ་གཉིས་ཀྱི་རོགས་སྐྱོར་འོག སྐབས་དྲུག་པའི་མདོ་དབུས་ཕྱོགས་ཡོངས་ནས་སྤོས་ལྡན་ཡུལ་དུ་ཕེབས་པའི་བོད་ཁུལ་ཨེ་འགོག་རང་འདུན་པའི་གསོ་སྦྱོང་འཛིན་གྲྭ་སྤོས་ལྡན་གྲོང་ཁྱེར་ནས་གཟས་རྒྱས་ངང་འཚོགས་ཐུབ་པ་བྱུང་ཡོད།

ཚོགས་ཐོག་ནས་དབུ་ཁྲིད་དང་མཁན་ཆེན་རྣམས་ཀྱིས་བཀའ་གསུངས་རིན་ཐང་བྲལ་བ་མང་པོ་གནང་བར་མ་ཟད། རང་འདུན་པ་ཚོས་ཀྱང་བོད་ཁུལ་གྱི་ས་ཆ་སོ་སོའི་འཕྲོད་བསྟེན་སྐོར་གྱི་གནས་ཚུལ་སྙན་ཞུ་ཞིབ་རྒྱས་ངང་འབུལ་བའི་གོ་སྐབས་བྱུང་སོང་།

དེས་མ་ཚད།ཉིན་རེར་ཕལ་ཆེར་ཆུ་ཚོད་༡༤ཙམ་གྱི་རིང་ལ། རང་འདུན་པ་དང་དགེ་རྒན་ཚང་མས་དཀའ་ཁག་དང་ཚ་གདུག་སོགས་གང་ལའང་མ་འཛེམ་པར། ཨེ་ཛི་སྔོན་འགོག་དང་ཨེ་ཛི་ནད་དུག་ཅན་དང་ནད་པ་བདག་སྐྱོང་བྱ་ཐབས། མོ་ནད་འགོག་བཅོས་སོགས་ཀྱི་ཐད་བགྲོ་གླེང་ཞིབ་རྒྱས་མཛད་ཡོད་ཅིང་། སྨད་འཚོང་མ་དང་ཉལ་དུད་འཐེན་མཁན་གྱི་སྤྱོད་ལམ་ཡོ་བསྲིངས་དང་ཉེན་ཚད་ཇེ་ཆུང་དུ་གཏོང་ཐབས་སོགས་ཀྱི་ཐད་ལའང་བགྲོ་གླེང་མི་ཉུང་བ་བྱ་བའི་གོ་སྐབས་བྱུང་ཡོད་ལ།

ཚོགས་ཐོག་ནས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས། མ་འོངས་པར་ངེད་ཀུན་བརྩེ་ཨེ་འགོག་ཚོགས་པས་ཨེ་ཛི་འགོག་བཅོས་ཀྱི་ཐད་བྱེད་སྒོ་རབ་དང་རིམ་པ་སྤེལ་དགོས་པར་མ་ཟད། མོ་ནད་འགོག་བཅོས་དང་ཉལ་དུད་སྔོན་འགོག་གི་ཐད་ལའང་སློབ་སྦྱོང་དང་བྱེད་སྒོ་སྤེལ་དགོས་པའི་བཀའ་སྐུལ་གནང་བྱུང་།

ཚོགས་འདུ་མཇུག་ཏུ། ད་བར་ཆེད་ལས་རང་འདུན་པ་ཚོས་ཨེ་འགོག་གི་བྱེད་སྒོ་ག་ཙམ་སྤེལ་ཡོད་པ་དང་། མི་གྲངས་ཅི་ཙམ་ལོངས་ཡོད་པ། མཉམ་འབྲེལ་སྡེ་ཁག་གང་དག་ཡོད་པ་སོགས་ཐོ་འགོད་བྱས་ཡོད་པར་མ་ཟད།

ཆེད་ལས་རང་འདུན་པ་དང་ལས་ཟུར་རང་འདུན་པའི་ཆགས་གནས་དང་། རང་འདུན་པས་ཨེ་འགོག་གི་བྱེད་སྒོ་སྤེལ་ཡུལ་བཅས་ས་བཀྲར་ཕབས་པ་སོགས་ཀྱང་བྱ་ཐུབ་ཡོད་ལ། མ་འོངས་པར་ས་བཀྲ་དེ་ལ་གཞིགས་ནས་རང་འདུན་པ་བསྡུ་རུབ་དང་། ཨེ་འགོག་བྱེད་སྒོ་སྤེལ་བ་སོགས་བྱ་བར་གྲོས་མཐུན་ཀྱང་བྱུང་སོང་།